གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གི་སྐོར་ལས།
གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་འདི་ སྤྱི་ལོ་༢༠༢༢ ཟླ་༡༢ པའི་ཚེས་ ༣༠ ལུ་ ཞབས་ཏོག་ལྷན་ཁག་ དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གཉིས་བསྡབ་ཞིནམ་ལས་ གཞི་བཙུགས་འབད་ནུག།
གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་ལྷན་ཁག་གིས་ གཤམ་འཁོད་ཀྱི་འགན་དབང་ཚུ་འབདཝ་ཨིན།
- གཞིས་ཆགས་འཆར་གཞི་དང་གོང་འཕེལ། འགྲོ་འགྲུལ་དང་གནམ་འགྲུའི་སྐྱེལ་འདྲེན། བཟོ་སྐྲུན། གཞི་རྟེན་མཁོ་ཆསགོང་འཕེལ། ཁྱིམ་བཟོ་དང་འགྲེམས་ཐོག་ཞབས་ཏོག་དང་འབྲེལ་བའི་ སྲིད་བྱུས་དང་ཁྲིམས་ལུགས་ དེ་ལས་ གནས་ཚད་ཚུ་ བཀོད་སྒྲིག་དང་བསྐྱར་ཞིབ་འབདཝ་ཨིན།
- ཡུན་བརྟན་ཅན་གྱི་སྐྱེལ་འདྲེན་དང་བཟོ་སྐྲུན་བཟོ་གྲྭ་གི་དོན་ལུ་ སེམས་ཤུགས་བྱིན་ནི་དང་ གོང་འཕེལ་འཛིན་སྐྱོང་འཐབ་ཨིན།
- གཞི་བཀོད་འཆར་གཞི་དང་ གཞི་རྟེན་མཁོ་ཆས་ཀྱི་འཆར་གཞི་ཨམ་ཚུ་གྲ་སྒྲིག་དང་ བསྐྱར་ཞིབ་འབདཝ་ཨིན། (སྐྱེལ་འདྲེན་ བཙོག་ཆུ་ འཐུང་ཆུ་བཀྲམ་སྤེལ་ རླུང་ཆར་ལས་འབྱུང་བའི་བཙོག་ཆུ་ ཕྱགས་སྙིགས་དང་མཐུན་རྐྱེན)
- གསར་གཏོད་དང་འཕྲུལ་རིག་ཐོག་ལས་སྤུས་ཚད་ཅན་དང་ རིན་ཆུང་ཁེ་སྦོམ་དེ་ལས་ ཡུན་བརྟན་ཅན་གྱི་གཞི་རྟེན་མཁོ་ཆས་གོང་འཕེལ་གཏང་ནི།
- ཉེན་སྲུང་ལྡན་པའི་འཐུང་ཆུ་དང་གཙང་བྲ་ དེ་ལས་ བློ་གཏད་ཚུགས་པའི་ ཞིང་ཆུ་བཀྲམ་སྤེལ་ངེས་གཏན་བཟོ་ནི།
- ཟད་འགྲོ་གཏང་ཚུགས་པའི་སྡོད་ཁྱིམ་གོང་འཕེལ་གཏང་ནི།
- ཉེན་སྲུང་ཅན་ ནུས་ཤུགས་ཅན་ བློ་གཏད་ཚུགསཔ་དང་ ཟད་འགྲོ་གཏང་ཚུགས་པའི་ འགྲོ་འགྲུལ་དང་གནམ་གྲུའི་ཞབས་ཏོག་སྤྲོད་ནི།
- ཁྲོམ་འཛིན་སྐྱོང་དང་ ཁྲོམ་སྡེའི་དངུལ་འབྲེལ་ནང་ ལམ་སྟོན་སྤྲོད་ནི།
- སྐྱེལ་འདྲེན་ བཟོ་སྐྲུན་ གཞིས་ཆགས་དང་ འགྲེམས་ཐོག་ལུ་འབྲེལ་བ་ཡོད་པའི་ ལུང་ཕྱོགས་དང་ རྒྱལ་སྤྱི་གི་གྲོས་གནས་ཚུ་ནང་ ངོ་ཚབ་འབད་ནི།
- སྐྱེལ་འདྲེན་དང་ བཟོ་སྐྲུན་ དེ་ལས་ འཕྲུལ་རིགས་ལོ་སོགས་པའི་ཐོག་ལུ་ ཞིབ་འཚོལ་ཚུ་འགོ་འདྲེན་འཐབ་ནི།